-
-
-
-
- border="0" data-original-height="208" data-original-width="575" src="https://blogger.googleusercontent.com/img/b/R29vZ2xl/AVvXsEhSpKOVPL0ayf8jDem72qIoQAs-x2AXs5ADaCToNIzn3lPnzGVWc_EKUCzbc5rNL89nc1pUr4QkXKdJZzmB55FN4OmqFqOT7azSqo-wmuC7m2uaJ8LbBzj2XPUj2kPpJXoSzGeuBk6HzAWog_jAZ_2-8JBrS-sIH-JfiZxOfU0H-hcJ4XPytntSt0xnnXc/s16000/slide.6-jpg..jpg"
༄༅།།དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་དཔེ་མཛོད་ཀྱི་བྱུང་རབས་ལོ་རྒྱུས་མདོར་བསྡུས།
བོད་ལ་དུས་འགྱུར་མ་བྱུང་སྔོན་དུ་སྒོ་མང་དཔེ་མཛོད་ནི་འདུ་ཁང་གི་རྟེན་གཙོ་མི་འཁྲུག་པའི་ལྷ་ཁང་གི་ཐོག་དང་རྒྱལ་བའི་གཟིམ་ཁང་གི་འོག་ཏུ་ཡོད་ལ། སྐུ་རྟེན་གཙོ་བོ་རྗེ་ཡབ་སྲས་གསུམ་དང་། སྒྲོལ་མ་བཅས་འཇིམ་སྐུ་མི་ཚད་ལས་ལྷག་ཙམ་དང་། གཡུ་ཐོག་ལྷ་ལྕམ་ནས་ཕུལ་བའི་རྒྱ་དངུལ་གྱི་སྐྱབས་རྗེ་ཁང་གསར་རྡོ་རྗེ་འཆང་གི་འདྲ་སྐུ་བཅས་བཞུགས། གསུང་རྟེན་རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དང། རྒྱ་བོད་ཀྱི་གསུང་རབ་དུ་མ་དང་ཡིག་ཆ་གསར་རྙིང་གཙོ་བོར་གྱུར་བའི་དཔར་ཤིང་མང་བོ་བཞུགས། དཔེ་མཛོད་གཉེར་བ་གཉིས་ཀྱིས་ཕྱག་དཔེ་རྣམས་དཔེ་ཆ་བ་རྣམས་ལ་ཕར་གཡར་ཚུར་ལེན་དང་དེ་དག་ལ་བདག་གཉེར་བྱེད། ཚེས་བརྒྱད་དང་བཅོ་ལྔ་གནམ་གུང་གི་སྒྲོལ་ཆོག་ནི་དཔེ་ཆ་བ་རྣམས་ཀྱི་ཞབས་རིམ་གལ་ཆེན་ཡིན་ལ་དེར་འཇིག་རྟེན་རྙིང་བའི་དུས་སུ་དཔེ་མཛོད་སྒྲོལ་ཆོག་ཟེར། ཚེས་གྲངས་དེ་དག་གི་གུང་ཚིགས་ཆོས་ར་གྲོལ་རྗེས་དཔེ་མཛོད་དུ་ཚོགས་ཀྱི་ཡོད། གསོལ་ཇ་མེད་ཀྱང་ལྷ་ས་སོགས་ནས་སྦྱིན་བདག་མང་བོ་ཡོང་སྟེ་སྐུ་འགྱེད་མང་བོ་ཕུལ་སྲོལ་འདུག
1959 ལོར་སྦག་སར་ཕེབས་ནས་ཀྱང་དཔེ་མཛོད་གཉེར་བ་ཞིག་ཡོད་ཀྱང་ཕྱག་དཔེ་མང་བོ་མེད། སྦག་ས་བླ་སྤྱི་ལ་དཔེ་ཆ་དཔར་བྱེད་ཀྱི་འཕྲུལ་ཆས་ཤིག་ཡོད་པ་དེ་ཟླ་རེ་བཞིན་གྲྭ་ཚང་སོ་སོས་རེས་མོས་ཀྱིས་བེད་སྤྱོད་བྱེད་དགོས་རྐྱེན་གྲྭ་ཚང་རང་ལ་ཁེད་དུས་ཉིན་མཚན་ཀུན་ཏུ་དཔར་སློག་རྒྱག་དགོས། དེའི་དུས་ཕྱག་དཔེ་ཧ་ཅང་དཀོན་པས་ཕྱག་དཔེ་རྣམས་ཁག་སོ་སོར་བགོས་ཏེ་འཛིན་གྲྭ་གོང་འོག་རྣམས་ལ་གཡོར་དགོས་ལ། མང་བོ་ཞིག་རང་གི་ལག་པས་བྲིས་ཏེ་བལྟ་ཀློག་དང་བློ་འཛིན་བྱེད་བཞིན་ཡོད། ཕྱིས་སུ་ས་གནས་འདིར་སྤོར་བ་ནས་བྲིས་མ་དེ་རྣམས་ཕྱི་རྒྱལ་གྱི་དཔེ་མཛོད་ཁང་ཞིག་གིས་ཆ་ཚང་གདན་འདྲེན་བྱས་ཏེ་ཁྱེར་འདུག།
1969 ལོའི་ནང་མོན་གྷོ་འདོད་རྒུ་གླིང་དུ་གནས་སྤོར་བྱས་ཤིང་པྲ་ཏི་ཨ་ཁུ་ཐུབ་བསྟན་དཔེ་མཛོད་ཀྱི་གཉེར་བ་ཡིན། དེའི་དུས་དཔེ་མཛོད་ཁང་བླ་སྤྱིའི་རྒྱབ་ཀྱི་རྫ་ཁང་ཞིག་ཏུ་ཡོད། ཁང་མིག་དེར་རང་རེའི་རྟེན་གཙོ་མགོན་པོ་དང་དཔེ་ཆ་རྣམས་མཉམ་དུ་བཞུགས་སུ་གསོལ་ཡོད། དུས་ཕྱིས་འདུ་ཁང་རྙིང་བ་བཞེངས་པ་ནས་བཟུང་འདུ་ཁང་ཀླད་ཀྱི་ནུབ་ངོས་མཁན་པོའི་བཞུགས་གནས་དང་ཤར་ངོས་དཔེ་མཛོད་ཡིན། ད་ལྟའི་དཔེ་མཛོད་འདི་ནི་1982ལོར་གུ་རུ་དེ་ཝས་བཞེངས་པའི་ཁོང་སྒེར་གྱིས་བླ་བྲང་ཡིན་ལ། ཁོང་ཕེབས་ཁར་ཕྱག་དཔེ་དུ་མ་དང་ཁང་བ་ཆ་ཚང་གྲྭ་ཚང་དུ་ཕུལ་བ་རེད།
1985ལོ་ནས་བཟུང་དགེ་བཤེས་བསྟན་པ་ཕྱོགས་གླང་གི་དཔེ་མཛོད་ཀྱི་ལས་ཁུར་བླངས་ཏེ་སྔར་གྱི་དཔེ་མཛོད་རང་གི་ཕྱག་དཔེ་རྣམས་ཀྱི་སྟེང་དུ་གུ་རུ་དེ་ཝའི་ཕྱག་དཔེ་དུ་མ་གསར་བསྣན་དང་། གཞན་ཡང་སློབ་གཉེར་བ་རྣམས་ཀྱི་གཟིགས་རྟེན་ཡིག་ཆའི་སྐོར་དང་དཔེ་རྒྱུན་དཀོན་རིགས་དུ་མ་འཚོལ་སྒྲུབ་དང་དཔར་བསྐྲུན་བྱས་ཏེ་དཔེ་མཛོད་ཀྱི་རྨང་གཞི་ལེགས་པར་བཏིངས་ཐུབ་པ་བྱུང་ཡོད། མཁན་ཟུར་ངག་དབང་ཉི་མའི་བཀའ་འབྲེལ་ལྟར་ཐོག་མའི་དུས་དཔེ་མཛོད་རིག་གཞུང་ཚོགས་པའི་མངའ་ཁུངས་དང་། སློབ་གྲྭ་ཐད་ཀར་ཕྱག་མཛོད་ཁང་གི་སྟངས་འཛིན་འོག་ཡོད། དེའི་དུས་དཔེ་མཛོད་འདིའི་ནང་དུ་མགྲོན་ཁང་གྱི་ཁང་མིག་ཀྱང་འགའ་ཤས་ཡོད་པས་མགྲོན་པོ་སླེབས་དུས་དཔེ་མཛོད་སྒོ་རྒྱག་དགོས་རྐྱེན་ལས་ཀ་བྱེད་དུས་སྟབས་མི་བདེ་བ་བྱུང་ཡང་དཔེ་མཛོད་ལ་དམིགས་བསལ་གྱི་དཔལ་འབྱོར་མེད་པས་ལོ་དུ་མ་ཞིག་དེ་ལྟར་འདས།
1996 ལོའི་སྐབས་ཤིག་ཀླུ་འབུམ་རྒན་ལེགས་པ་རྒྱལ་མཚན་ཉི་ཧོང་ནས་ཕྱིར་ཕེབས་ཏེ་དཔེ་མཛོད་ཀྱི་ཁང་པ་གསར་བཞེངས་ཆེད་སྦྱིན་བདག་ཁག་གི་རོགས་རམ་ལ་བརྟེན་ནས་སྒོར་འདང་ངེས་ཤིག་ཕུལ་བ་དེས་དཔེ་མཛོད་ཀྱི་ཉིས་ཐོག་གསར་བཞེངས་དང་། གྲུབ་སྟོན་གྱི་མཛད་སྒོ་ལ་གོང་ལ་སྐྱབས་མགོན་ཆེན་པོ་གདན་འདྲེན་ཞུས་ཏེ་ཐུགས་དགྱེས་པའི་གསུང་གི་བྱིན་རླབས་སྐབས་འབྲེལ་ལས་ཀྱི་སྣེ་མོ་རྣམས་ཀྱི་སྤྱི་བོའི་རྒྱན་དུ་བསྩལ།
1997 རྒན་བསྟན་པ་ཕྱོགས་གླང་གི་སྐབས་སུ་གདན་ས་ཁག་གི་མཁས་དབང་རྣམས་གདན་འདྲེན་གྱིས་1998ལོར་གསེར་ཕྲེང་གི་བགྲོ་གླེང་ཐེངས་དང་པོ་སྐོང་ཚོགས་གནང་ཞིང་། བགྲོ་གླེང་དེར་སྐུ་སྒེར་ཡིག་ཚང་དང་རང་གཞུང་ཆོས་རིག་ལས་ཁུངས་ནས་ཀྱང་སྐུ་ཚབ་ཆེད་གཏོང་མཛད། འདི་ནི་གདན་ས་ཁག་གི་བགྲོ་གླེང་ཆེས་ཐོག་མ་དེ་ཡང་ཡིན། རྣམ་གྲྭའི་གྲྭ་ཟུར་འཕྲིན་ལས་ལགས་ཀྱིས་མཐུན་འགྱུར་ལ་བརྟེན་ནས་གསེར་ཕྲེང་བགྲོ་གླེང་ཐེངས་གཉིས་པ་དེ་ཡང་གྲྭ་ཚང་གི་འདུ་ཁང་གསར་བར་ལེགས་པར་བསྐོངས་ཚོགས་ཐུབ་པ་བྱུང་།
ད་དུང་ཁོང་གིས་མཁན་ཟུར་ངག་དབང་ཉི་མའི་བཀའ་ལྟར་སྒོ་མང་ཆོས་འབྱུང་གི་ས་བོན་ཕྱོགས་སོ་སོར་འཚོལ་སྡུད་ཀྱིས་གུང་རུ་མཁན་ཟུར་རིན་པོ་ཆེའི་ཕྱག་ཏུ་ཕུལ་ཏེ་སྒོ་མང་ཆོས་འབྱུང་རྩོམ་པ་ལ་རེམ་འདེགས་བླ་མེད་ཞུས་ཡོད། ཁོང་གིས་དཔེ་མཛོད་འགན་འཛིན་གྱི་ལས་ཁུར་ལོ་ཉི་ཤུ་ལྷག་ལ་ཞུས་ཏེ་2006ལོར་ངལ་གསོ་མཛད།
2007ནས་ལོ་གསུམ་གྱི་རིང་ཀླུ་འབུམ་དགེ་བཤེས་དཀོན་མཆོག་རྒྱ་མཚོ། འདིའི་རིང་ལ་ཁྲི་གའི་དགེ་བཤེས་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་མཐུན་རྐྱེན་སྦྱར་ཏེ་དཔེ་མཛོད་ཀྱི་སུམ་ཐོག་གསར་བསྐྲུན་བྱས་ཏེ་བོད་ནས་དཔར་པའི་བསྟན་འགྱུར་དཔེ་བསྡུར་མ་སྤྱན་དྲངས་པ་སོགས་ཕྱག་ལས་མང་བོ་མཛད།
2010ལོ་ནས་མངའ་དགེ་བཤེས་ཡོན་ཏན་རྒྱ་མཚོ། འདིའི་ལས་ཚབ་རེབ་ཚ་བརྩོན་འགྲུས་ཀྱི་རིང་ལ་བསྟན་འགྱུར་དཔེ་བསྡུར་མ་ཆ་ཚང་ཞིག་དང་དཔེ་དེབ་ཆེ་ཆུང་མི་འདྲ་བ་བཅུ་གསུམ་ཙམ་དཔར་བསྐྲུན་བྱས།
2013ལོ་ནས་ཀླུ་འབུམ་དགེ་བཤེས་འཇིགས་མེད་བསྟན་འཕེལ། འདིའི་རིང་ཀུན་མཁྱེན་བླ་མའི་གསུང་འབུམ་དང་གུང་ཐང་བསྟན་པའི་སྒྲོན་མེའི་གསུང་ཆ་ཚང་དེབ་གཟུགས་སུ་དཔར་བསྐྲུན་གསར་བཞེངས་གནང་།འདིིའི་རིང་ནས་བཟུང་དཔེ་མཛོད་འགན་འཛིན་ཕྱག་མཛོད་ཀྱི་གནས་རིམ་དུ་འཕར་ནས་སྐབས་ཐོག་དེའི་ཕྱག་མཛོད་དང་མཉམ་དུ་ལས་ཁུར་རྫོགས་པར་བྱས་ཏེ་ལོ་བཞི་ལྷག་ཙམ་ལ་ཕྱག་ལས་གནང་།
2017ལོ་ནས་ཀླུ་འབུམ་དགེ་བཤེས་ཕུན་ཚོགས་དར་རྒྱས་དང་ལས་རོགས་བྱ་དཔལ་ལྡན་རྒྱ་མཚོ། འདིའི་རིང་ཀུན་མཁྱེན་འཇིགས་མེད་དབང་བོའི་གསུང་འབུམ་ཆ་ཚང་དེབ་གཟུགས་སུ་གསར་བསྐྲུན་དང་། རྒྱལ་བའི་བཀའ་འགྱུར་དཔེ་བསྡུར་མ་སྤྱན་དྲངས་ཏེ་དཔེ་གཟིགས་ཁང་དུ་དེབ་གཟུགས་ཀྱི་བཀའ་བསྟན་ཡོངས་སུ་རྫོགས་པ་ཚང་བར་བྱས། ཉེ་བར་མཁོ་བའི་དཔེ་ཆ་ཐོར་བུའི་སྐོར་བཞི་བཅུ་ལྷག་དཔར་བསྐྲུན་གནང་།
2020ལོ་ཀླུ་འབུམ་དགེ་བཤེས་བསྟན་འཛིན་འཕྲིན་ལས་དང་། ལས་རོགས་ཀླུ་དགེ་བཤེས་བསམ་འགྲུབ་རྒྱ་མཚོ། འདི་གཉིས་ཀྱི་རིང་ལ་ལྕང་སྐྱ་ངག་དབང་མཆོག་ལྡན་གྱི་གསུང་འབུམ་དང་ཕྱག་དཔེ་ཐོར་བུའི་རིགས་དུ་མ་དཔར་བསྐྲུན་དང་། དཔེ་དེབ་ཀྱི་ཐོ་གཞུང་རྒྱས་པ་ཞིག་ཀྱང་ཕྱོགས་བསྒྲིགས་བྱས།
2023ལོ་ཀླུ་འབུམ་དགེ་བཤེས་སྐལ་རྒྱམ་དང་། ཏཱ་དབོན་དགེ་བཤེས་དཀོན་མཆོག་རྒྱ་མཚོ་གཉིས་ཀྱི་རིང་ལ། ཉམས་རྒུད་དུ་སོང་བའི་ཁང་བའི་ཕྱི་ནང་གཉིས་ཀར་ཉམས་གསོ་དང་།ཐུགས་སྲས་ངག་དབང་བཀྲ་ཤིས་ཀྱི་གསུང་འབུམ་ཆ་ཚང་། ཉེ་བར་མཁོ་བའི་དཔེ་རྒྱུན་དཀོན་རིགས་འགའ་ཤས་དཔར་བསྐྲུན་བྱས་དང་བྱེད་བཞིན་པ་བཅས་སོ།།
མདོར་ན་དཔེ་མཛོད་ཁང་འདིས་རྒྱ་བོད་ཀྱི་མཁས་གྲུབ་ཁག་གི་གསུང་འབུམ་དཔེ་རིང་མ་པོད་སྟོང་ཕྲག་དུ་མ་དང་དཔེ་རྒྱུན་དཀོན་རིགས་ཀྱི་དཔེ་རྙིང་མང་བོ་ཉེར་ཚགས་དང་། དཔེ་དེབ་ཀྱི་གཟུགས་སུ་བསྐྲུན་པའི་བཀའ་བསྟན་གྱིས་མཚོན་དེང་སྐབས་དེབ་གཟུགས་ཀྱི་ངོ་བོར་ཡོད་པའི་ཕྱག་དཔེ་དུ་མ་ཉེར་ཚགས་དང་འཚོལ་སྡུད། གྲྭ་ཚང་གིས་གཙོ་བྱས་པའི་རིས་མེད་སློབ་གཉེར་བ་ཡོངས་ཀྱི་ཆེད་དུ་ཕྱག་དཔེ་དུ་མ་དཔར་བསྐྲུན་བྱས་དང་བྱེད་བཞིན་པ་བཅས་བྱུང་རབས་མདོར་བསྡུས་སུ།
སྒོ་མང་དཔེ་མཛོད་ཁང་ནས།
2024/2/11